དེང་སང་བརྡ་འཕྲིན་ལག་རྩལ་གསར་བསྒྱུར་བྱས་པ་ཤིན་ཏུ་མགྱོགས་ཤིང་།ལོ་རེ་ཟླ་རེའི་ནང་དུ་ཐོན་རྫས་གསར་བ་ཐོན་བཞིན་ཡོད། དེ་ཡང་ཉེ་བའི་ལོ་འགའི་རིང་ལ། སྐད་འཕྲིན་དང་པོད་འཕྲིན་གཙོ་བྱས་པའི་ཏོའུ་ཡེན་སོགས་ཀྱི་ཐད་གཏོང་མཉེན་མང་པོ་ཞིག་བྱུང་བཞིན་ཡོད་པ་དང་། མཉེན་ཆས་དེ་དག་ནས་རང་ཉིད་ཀྱི་དངོས་ཡོད་གནས་ཚུལ་གཞན་ལ་ཐད་གཏོང་བྱས་ཆོག་པ་མ་ཟད། གཞན་གྱིས་ཐད་གཏོང་བྱེད་བཞིན་པའི་གནས་ཚུལ་ལ་ཡང་གཟིགས་ནས་ཕན་ཚུན་འབྲེལ་འདྲིས་བྱས་ཆོག་པས། འཚོ་བའི་ཕྱོགས་ལ་འབྲེལ་འདྲིས་ཀྱི་མཐུན་རྐྱེན་མི་ཉུང་བ་ཞིག་སྦྱར་ཡོད་ལ། བལྟ་མཁན་དང་དོ་སྣང་བྱེད་མཁན་ཡང་མང་པོ་ཞིག་བྱུང་ཡོད། ལྷག་པར་མཉེན་ཆས་མང་པོ་ཞིག་གིས་གཟིགས་པ་པོའི་དགོས་མཁོ་དང་མོས་འདུན་ལྟར་བརྙན་ཐུང་གི་ནང་དོན་མང་པོ་ཞིག་བཀོད་སྒྲིག་བྱས་ཡོད་ཅིང་། དེས་མི་རྣམས་ལ་འཚོ་བའི་ཁྲོད་ཀྱི་བདེ་ཐང་གི་ཤེས་བྱ་དང་། སློབ་གསོའི་ཕྱོགས། རོལ་རྩེད། རྩལ་སྦྱོང་། ཚན་རྩལ། སྒྱུ་རྩལ་ལ་སོགས་པའི་རྣམ་པ་སྣ་མང་གི་ནང་དོན་ཞིག་མཁོ་སྤྲོད་བྱས་ཡོད་པས། ན་གཞོན་རྣམས་ནི་ལྷག་པར་ནང་དོན་དེ་དག་ལ་བལྟ་རྒྱུར་དགའ་བོ་བྱུང་ཡོད།
ཡིན་ན་ཡང་ཤེས་དགོས་པ་ཞིག་ལ། དུས་ཚོད་ཀྱི་བཀོད་སྒྲིག་ཡག་པོ་ཞིག་མེད་པར་དེ་དག་ལ་བལྟ་ཡུན་རིང་ན་རིམ་བཞིན་གོམས་གཤིས་སུ་སོང་ནས་སློབ་སྦྱོང་ལ་གནོད་ཅིང་།ལུས་ཀྱི་བདེ་ཐང་ལ་ཡང་གནོད་པ་མི་ཉུང་བ་ཞིག་ཐེབས་ཀྱི་ཡོད། རང་རྒྱལ་གྱི་ཁྲིམས་ལུགས་ལྟར་ལོ་བཅོ་བརྒྱད་ལ་མ་སོན་ན་དྲ་ཐོག་གི་ཐད་གཏོང་ལེ་ཚན་ནང་དུ་ཞུགས་མི་ཆོག ཐད་གཏོང་ལེ་ཚན་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་དང་། མཐུན་སྒྲིལ་དང་འཆམ་མཐུན་ལ་གནོད་པའི་སྐད་ཆ་སོགས་བཤད་མི་རུང་ལ། བཤད་ཚེ་ཁྲིམས་ལུགས་ཀྱི་འགན་འཁུར་དགོས་པ་ཡིན། དེ་མིན་ཐད་གཏོང་ནས་ལུགས་ངན་སྲོལ་ངན་གྱི་གནས་ཚུལ་མངོན་པ་ཡིན་ན་ཡང་ངེས་པར་དུ་ཁྲིམས་ལུགས་ཀྱི་འགན་འཁུར་དགོས་པས། རྒྱ་ཆེའི་དྲ་གྲོགས་ལྷན་རྒྱས་ཀྱིས་ཁོམ་གསེང་གི་དུས་ཚོད་ནང་རོལ་རྩེད་ཀྱི་ལེ་ཚན་ལ་རོལ་བའི་ཞོར་དུ་ཁྲིམས་ལུགས་སྲུང་རྒྱུ་ངེས་པར་ཤེས་དགོས།